༄༅། །ཀུན་རིག་བུམ་བསྐྱེད་བསྡུས་པ་བཞུགས་སོ།། [001A] །ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་ པའི་ངང་ལས། བུམ་པ་གཉིས་ཡོད་ན། བཾ་བཾ་ལས་བྱུང་བའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ པར་གྱུར། ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱ་པྟེ་སཱཧཱ། ལྷའི་ཆུ་བོ་གཾ་ག་དང། བུམ་པའི་ཆུ་དབྱེར་མེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལྔ། གདན་དེ་རྣམས་ཀྱི་སྟེང་དུ། ཨོཾ་ཧཱུཾ་ ཏྲཱཾ་ཧྲཱི་ཨཿ་རྣམས་ལས་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེ་རྣམས་ཨོཾ་ལ་སོགས་པས་མཚན་པ་ལས། དབུས་སུ་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞེས་པ་ནས་ [002A]༄༅། །ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་འཛིན་པ། ལྷོ་རུ་རྒྱལ་མཆོག་རིན་ཆེན་སྔོན་པོ་ཕྱག་ གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རིན་པོ་ཆེ་འཛིན་པ། ནུབ་ཏུ་ཤཱཀྱ་རི་དབང་དམར་སེར་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་པདྨ་འཛིན་པ། བྱང་ དུ་མེ་ཏོག་ཆེར་རྒྱས་ལྗང་གུ་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་འཛིན་ཞིང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། དེ་བཞིན་གཤེགས་པ་བཞི་ཀའང་ཞེས་པ་ནས་ རྒྱབ་ཡོལ་མངའ་བ། བུམ་པ་གཅིག་ལས་མེད་ན། གཙོ་བོའི་གཡོན་དུ་པད་ཟླའི་གདན་ལ། གཉིས་ཡོད་ན། ལས་བུམ་གྱི་ནང་དུ་པད་ཟླའི་གདན་ལ་ཀྵཾ་ལས་མཆེ་བ་ཀྵཾ་གིས་མཚན་པ་ ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང། ཞལ་ཆེ་བ། ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས། ཧཱུཾ་སྔོན་པོས་ [002B] ལྷ་རང་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ལ་སོགས་པའི་རང་རང་གི་ས་བོན་གྱིས་མཚན་པ། དེ་རྣམས་ལས་འོད་འཕྲོས་པས། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ལ་སངས་རྒྱས་ དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྤྱན་དྲངས་ནས། པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པ་ནས་མཆོད་བསྟོད་ཀྱི་བར་ སྔར་བཞིན་བྱས་པའི་རྗེས་སུ། བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་ལྷའི་ཚོགས་འཕྲོས། འགྲོ་བའི་དོན་བྱས་སླར་འདུས་ནས་རང་རང་གི་ཐུགས་ཀའི་ས་བོན་ལ་ ཐིམ་པར་གྱུར། དེ་ལྟར་བསམས་ནས་རང་རང་གི་དམ་རྒྱས་གཟུངས་ཐག་བཟུང་ལ། དུང་ཆོས་ལ་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་སྟོང་རྩ་བརྒྱད། རྣམ་རྒྱལ་བུམ་པ་ལ། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། གཞན་ རྣམས་ཀྱི་སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ། ལས་བུམ་ལ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་ཐམས་ཅད་ལ་ཐུན་མོང་དུ་རྩ་རིག་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ། གཙོ་བོའི་སྔགས་ དང་ཧཱུཾ་བདུན་བཟླས་ལ་དུང་ཆོས་ཀྱིས་བུམ་པ་གཉིས་ཀར་མཆོད་ཡོན་དང། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མེ་ཏོག་དཀར་པོ་གསུམ་གསུམ་ཕུལ་ནས། མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་ནས། ལས་ཐམས་ཅད་ [003A]༄༅། །པ་བརྗོད་ཅིང་ལས་བུམ་གྱི་ཆུ་གཏོར་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་ཟིན་གྱི་བར་དུ་བགེགས་རྣམས་བཟློག་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ནས། ལག་པ་བུམ་པ་ལ་རེག་ནས་ བསྟོད་པ་རྒྱས་བསྡུས་གང་རུང་བྱའོ། །སརྦ་མངྒ་ལཾ།། །། ༈ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། ། སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །སརྦ་ཛ་ག་ཏཾ།། །།